༼མཐོ་སྒང་ལ་སྐར་དམར་འཚེར་༽གསར་འགྱུར་བྱ་འགུལ་ཆེན་མོ་འགོ་ཚུགས།
| 2021-06-12 来源: | 分享: |



༼མཐོ་སྒང་ལ་སྐར་དམར་འཚེར༽གསར་འགྱུར་བྱ་འགུལ་ཆེན་མོ།


ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་༡༠༠འཁོར་བ་དང་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་༨༥འཁོར་བའི་སྐལ་བཟང་གི་དུས་འདིར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཁམས་པའི་བརྙན་འཕྲིན་གྱིས་སི་ཁྲོན་དཀར་མཛེས་ཁུལ་དང་རྔབ་ཁུལ། ཡུན་ནན་བདེ་ཆེན་ཁུལ། ཀན་སུའུ་ཀན་ལྷོ་ཁུལ་བཅས་དང་མཉམ་འབྲེལ་བྱས་ནས་༼མཐོ་སྒང་ལ་སྐར་དམར་འཚེར༽ཞེས་པའི་ཀུན་འདུས་འཕྲིན་སྦྱོར་གྱི་གསར་འགྱུར་བྱ་འགུལ་ཆེན་མོ་དེ་རིང་སྔ་དྲོ་ལྕགས་ཟམ་རྫོང་ནས་དངོས་སུ་སྤེལ་འགོ་ཚུགས་པ་རེད། རྒྱང་སྐྱོད་ཞིབ་འཇུག་པ་དང་བོད་ཀྱི་མཁས་དབང་དག་གསར་འགོད་པ་དང་མཉམ་དུ་བོད་འབྲེལ་ས་ཁུལ་གྱི་དམར་དམག་རྒྱང་སྐྱོད་ཀྱི་ཞབས་རྗེས་དེད་དེ། དཀའ་ཚེགས་ཆེ་བའི་ལོ་ཟླ་དེར་ཕྱིར་དྲན་ཐེངས་ཤིག་བྱེད་ཞོར། མཐོ་སྒང་གི་ས་གནས་ཁག་གིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་རུ་སྙིང་སྟོབས་བསྐྱེད་ནས་མདུན་སྐྱོད་བྱེད་པར་བདེན་དཔང་བྱ་རྒྱུ་རེད།


ཐེངས་འདིའི་གསར་འགྱུར་བྱ་འགུལ་སྟེང་ཆེད་དུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། བོད་ཀྱི་མིང་དུ་གྲགས་པའི་མཁས་པ། གསར་བརྗེའི་རིག་གནས་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་འཇམ་དཔལ་རྒྱ་མཚོ་ལགས་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཚོ་ཆུང་གི་འགོ་འཛིན། དགེ་རྒན་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཡང་སྒྲོན་གཉིས་གདན་འདྲེན་ཞུས་ཏེ་བོད་སྐད་ལམ་ནས། དཀར་མཛེས་ཁུལ་གྱི་ལྕགས་ཟམ་རྫོང་གི་ལྕགས་ཟམ་ཁའི་དྲན་གསོ་ཁང་དང་། རྔ་བ་ཁུལ་གྱི་འབར་ཁམས་གྲོང་ཁྱེར་གྱི་ཅོག་ཙེའི་མཁར། ཀན་ལྷོ་ཁུལ་ཐེ་བོ་རྫོང་གི་ལ་གཟར་འགག་གཡུལ་འགྱེད་དྲན་གསོ་ཁང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་གི་དམར་དམག་ཟམ་པ་བཅས་སུ་བསྐྱོད་ནས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་མང་ཚོགས་དང་། སློབ་མ། དེ་བཞིན་དམག་སྡེའི་དཔོན་དམག་བཅས་ཀྱི་འཐུས་ཚབ་ཚོར་འཆད་ཁྲིད་གནང་རྒྱུ་ཡིན་ལ། རྒྱང་སྐྱོད་ཀྱི་དཀའ་སྤྱད་སྡུག་རུས་ཀྱི་འཐབ་འཛིང་ལོ་ཟླར་ཕྱིར་དྲན་དང་། རྒྱང་སྐྱོད་སྙིང་སྟོབས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དྲན་གསོ་བྱས་ཏེ། རྒྱང་སྐྱོད་སྙིང་སྟོབས་ཀྱི་ཚན་རིག་གི་ནང་དོན་དང་ལག་ལེན་གྱི་རིན་ཐང་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་རེད།


དེ་རིང་ནས་བཟུང་། ཁམས་པའི་བརྙན་འཕྲིན་དང་གསར་འགྱུར་བྱ་འགུལ་ནང་ཞུགས་པའི་ཁུལ་དང་རྫོང་གི་འཕྲིན་སྦྱོར་ལས་ཁུངས་ཀྱི་མདོ་འཛིན་པ་དང་གསར་འགོད་པ་རྣམས་དམར་དམག་གི་ཞབས་རྗེས་བརྒྱུད་དེ་རྒྱང་སྐྱོད་ལམ་བུ་བསྐྱར་དུ་བསྐྱོད་རྒྱུ་ཡིན་ལ། སི་ཁྲོན་དཀར་མཛེས་ཁུལ་དང་། ཡུན་ནན་བདེ་ཆེན་ཁུལ། ཀན་སུའུ་ཀན་ལྷོ་ཁུལ་བཅས་སུ་བསྐྱོད་དེ་བཅར་འདྲི་ཚོགས་པས་དམར་དམག་རྒྱང་སྐྱོད་ཁྲོད་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་དཀའ་ངལ་ཁྱད་བསད་ཀྱིས་རྒྱལ་ཁ་བརྩོན་ལེན་བྱེད་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ་ལྟད་མོ་བར་གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བའི་རྒྱང་སྐྱོད་ཀྱི་ལོ་ཟླར་ཕྱིར་དྲན་བྱེད་དུ་འཇུག་རྒྱུ་རེད། དེ་དང་ཆབས་ཅིག་ཁམས་པའི་བརྙན་འཕྲིན་དང་གསར་འགྱུར་བྱ་འགུལ་ནང་ཞུགས་པའི་ཁུལ་དང་རྫོང་གི་འཕྲིན་སྦྱོར་ལས་ཁུངས་ཀྱིས་རང་སོ་སོའི་ལས་སྟེགས་ཐོག་མཉམ་འགུལ་དྲིལ་བསྒྲགས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གཞུང་དྲང་གསར་གཏོད་ཀྱིས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཡག་པོ་སྒྲོག་པ་དང་། རྒྱང་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། རྒྱང་སྐྱོད་ཀྱི་སྙིང་སྟོབས་ལག་ལེན་བསྟར་བ་བཅས་བྱ་རྒྱུ་རེད།








